碌BOOM
25-09-11 11:42

ཨ་རིའི་ཁ་སང་གཟའ་ལྷག་པ་དང་རྒྱ་གར་གྱི་དུས་རིང་ཞོགས་པར། ཨ་རིའི་རྙིང་ཞེན་ཤོག་ཁག་གི་ན་གཞོན་ཆར་ལི་ཁེར་(Charlie Kirl)
ཡིས། ཨ་རིའི་ཡུ་ཀྲ་མངའ་སྡེའི་གཙུག་ལག་སློབ་གྲྭ་ཞིག་ཏུ་གཏམ་བཤད་སྐབས་མེ་མདའ་འཕངས་ནས་ལྐོག་གསོད་ཐེབས། ཁོ་ལ་མདེའུ་འཕོག་པ་དང་སྨན་ཁང་དུ་འཁྱེར་ནའང་གསོན་མ་ཐུབ། མེ་མདའ་རྒྱག་དུས་ཡུལ་དངོས་སུ། ཁོའི་བཟའ་ཟླ་དང་བུ་ཕྲུག་ཀྱང་ཡོད་པ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཞིག་གིས་བཤད། ཡུ་ཀྲ་མངའ་སྡེའི་སྤྱི་ཁྱབ་ཀྱིས། འདི་ནི་"ཆབ་སྲིད་དང་འབྲེལ་བའི་ལྐོག་གསོད་"ཅིག་རེད་ཅེས་བཤད།

ས་གནས་ཀྱི་བདེ་སྲུང་མི་སྣས་དོགས་ཡོད་ཅིག་བཟུང་ཟིན་ནའང་རྗེས་སུ་གློད། དེའི་རྗེས་སུ་དབུས་གཞུང་གི་ནག་ཉེས་ཞིབ་འཇུག་ཚན་པས་(FBI)དངོས་པོ་ཞིག་བཟུང་ཟིན་ནའང་དེའང་རྗེས་སུ་གློད་ཟིན་པ་བཤད། "དངོས་པོ་ཞིག་"ཟེར་བ་དེ་མི་ཞིག་ཡིན་མིན་ཡང་ཁ་གསལ་མ་བཟོས། མདོར་ན་མེ་མདའ་ཁང་པ་ཞིག་གི་སྟེང་ནས་འཕངས་ཟིན་པའི་རྣམ་པ་འདུག་ཅེས་བཤད་པ་ལས། མེ་མདའ་འཕེན་མཁན་སུ་ཡིན་ད་ལྟ་བར་མ་ཤེས་པ་དང་། ཉེ་འཁོར་གྱི་ཁང་པ་དག་རེ་རེའི་ནང་འཛུལ་ནས་སྔོག་གཤེར་བྱེད་བཞིན་པ་གསལ།

ད་ལྟ་ལོ་ན་ 31 ཡིན་པའི་ན་གཞོན་འདི་ནི། ལོ་སྔོན་མའི་འོས་བསྡུའི་སྐབས་སུ། ད་ལྟའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ཞིག་ཡིན་པ་དང་། ཕྱི་ལོ་ 2012 ལོ་སྟེ་ཁོ་རང་ལོ་ན་ 18 ཡིན་དུས་མིང་ལ་(Turning Point USA)ཞེས་པའི་ཚོགས་པ་ཞིག་བཙུགས་ཤིང་། ཁོས་འདི་བརྒྱུད་སློབ་གྲྭ་ཆེ་འབྲིང་སོགས་སུ་རྙིང་ཞེན་གྱི་བསམ་བློ་དང་ལྟ་བ། ཆབ་སྲིད་ཁྱབ་བསྒྲགས་ཤུགས་ཆེན་བྱེད་བཞིན་པ་བཤད། ཁོ་རང་ཉིད་སློབ་གྲྭ་སོགས་མི་ཚོགས་མང་སར་ཕྱིན་ནས། ས་གནས་ཀྱི་མི་ལ་གཏམ་བཤད་དང་། རྩོད་པ་བྱེད་བཞིན་པའི་བརྙན་མང་པོ་དྲྭ་ལམ་དུ་ཁྱབ་ཡོད།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། གནས་ཚུལ་འདིའི་ཐད་བརྙན་ལམ་བརྒྱུད་གཏམ་བཤད་ཅིག་སྤེལ་ཞིང་། ཡི་གེ་ཞིག་བྲིས་པའི་ནང་དུ། དོན་དམ་གྱི་ཨ་རིའི་རྒྱལ་ཞེན་པ་ཆར་ལི་ཁེར་ལ་གུས་འདུད་ཆེད།གཟའ་ཉི་མའི་བར་ཨ་རིའི་རྒྱལ་ནང་གང་སར་རྒྱལ་དར་ཕྱེ་མར་དབབ་དགོས་པ་བཀའ་རྒྱ་བཏང་པ་ཡིན་ཞེས་བྲིས། མི་འདི་ནི་ཨ་རིའི་ན་གཞོན་ཁྲོད་རྙིང་ཞེན་གྱི་ལྟ་བ་སྤེལ་བར་ནུས་པ་ཧ་ཅང་ཆེན་པོ་ཐོན་མཁན་ཞིག་ལ་ངོས་འཛིན། དོན་རྐྱེན་འདི་ནི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཨ་རིའི་རྒྱལ་ས་སོགས་གྲོང་ཁྱེར་དག་གཙང་བཟོའི་ལས་འགུལ་ཞིག་འགོ་འཛུགས་བཞིན་པའི་སྐབས་སུ་བྱུང་།

🔘 བདུན་ཕྲག་འདིའི་འགོ་ནས་བཟུང་བལ་ཡུལ་རྒྱལ་ནང་དུ་བྱུང་བའི་ངོ་རྒོལ་དང་འབྲེལ། གཟའ་མིག་དམར་ཉིན་སྲིད་བློན་ཁེ་ཕི་ཤར་མ་(K.P Sharma Oli)གོ་ས་ནས་བབས་ཟིན་པ་ལྟར། དུས་དེ་ནས་བཟུང་ད་ལྟ་བར་གཞུང་ལ་འགོ་འཁྲིད་མཁན་མེད་པར་གྱུར་ཅིང་། ད་ལྟ་བར་བརྒལ་སྲིད་བློན་ཞིག་འདེམས་རྒྱུར་འབད་པ་བྱེད་བཞིན་པ་ལྟར། ཁ་སང་ངོ་རྒོལ་བ་ན་གཞོན་ཚོའི་ཚོགས་འདུ་ཞིག་ཚོགས་པར། དེའི་སྟེང་དུ་བར་བརྒལ་སྲིད་བློན་དུ། ཁྲིམས་དཔོན་ཟུར་བ་ལྕམ་སུ་ཤི་ལ་ ཁར་ཁེ་ཞེས་པ་བསྐོ་རྒྱུར་མང་མོས་རྒྱབ་སྐྱོར་ཐོབ་ཟིན་པའི་གནས་ཚུལ་ཐོན།

ཐག་གཅོད་འདི་བདེན་པ་ཡིན་པ་ད་ལྟ་གསལ་བོར་གྱུར། ན་གཞོན་ཚོས་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཡུལ། རྒྱལ་ས་ཀཱ་ཐ་མན་ཀྲུ་གྲོང་ཁྱེར་གྱི་སྤྱི་ཁྱབ་བྷ་ལན་ཤཱ་ཡིས་ཀྱང་། ངོ་རྒོལ་བ་ཚོའི་ཐག་གཅོད་འདི་ལ་རྒྱབ་སྐྱོར་ཡོངས་སུ་བྱ་རྒྱུ་ཡིན་ཞེས་ཁོ་རང་གི་ངོ་དེབ་སྟེང་བྲིས། ཁོའི་ཡི་གེའི་ནང་དོན་སྙིང་པོར། ད་ལྟ་བལ་ཡུལ་དེ་ལོ་རྒྱུས་ཀྱི་གནས་སྟངས་མ་འདྲ་བ་ཞིག་གི་འོག་ཏུ་ཡོད་པ་དང་། ན་གཞོན་ཚོས་འབྱུང་འགྱུར་གྱི་ཆེད་འགན་འཁུར་དགོས་པ། ད་ལྟ་བར་བརྒལ་སྲིད་གཞུང་འཛུགས་རྒྱུའི་ཕྱོགས་སུ་འགྲོ་རྒྱུ་དང་། བར་བརྒལ་གཞུང་དེས་འབྱུང་འགྱུར་འོས་བསྡུ་གོ་སྒྲིག་བྱ་རྒྱུ།

བར་བརྒལ་གྱི་གཞུང་དང་འོས་བསྡུའི་འགོ་འཁྲིད་མཁན་དུ། ཁྱོད་ཚོས་ཁྲིམས་དཔོན་ཟུར་བ། ལྕམ་སུ་ཤི་ལ་ ཁར་ཁེ་བདམས་པར་ངས་རྒྱབ་སྐྱོར་ཆ་ཚང་བྱ་རྒྱུ་ཡིན་ཞེས་བཤད། ད་དུང་ཁོས། གཞུང་གསར་བ་འཛུགས་རྒྱུར་བྲེལ་བ་ལངས་མཁན་ཚོར་ཞུ་རྒྱུར། ཁྱེད་ཚོའི་ནུས་པ་དང་བསམ་བློ། ལྷག་བསམ་བཅས་ནི་གནས་སྐབས་ཙམ་མ་ཡིན་པར་དུས་གཏན་དུ་ང་ཚོའི་རྒྱལ་ཁབ་ལ་དགོས་པས་བྲེལ་བ་མ་ལངས་ཞེས་བྲིས།

发布于 美国