ཏྲེའི་ཀ་བྲག་གི་ལྷ་ཁང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་རུ་ནོན་དང་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་བཅུ་གཉིས་བཞེངས་ཚུལ་ཆོས་འབྱུང་ཁག་ལས་བྱུང་ཞིང་ལྷ་ཁང་འདི་ཡང་འདུལ་གྱི་ལྷ་ཁང་ཞིག་ཡིན་པར་གསུངས་པས་(ཕྱི་ལོ། ༦༤༠—༦༥༠ )བར་བཞེངས་པ་ཞིག་ཡིན་ཞིང་ད་བར་ལོ་ཅིག་སྟོང་སུམ་བརྒྱ་ལྷག་སོང་ཟིན་པ་དང་ཕྱིས་སུ་སློབ་དཔོན་བཻ་རོ་ཙ་ན་ཕེབས་པ་འདྲ་འབག་ལས་གསུངས་ཤིང་ལྡེའུ་ཆོས་འབྱུང་ལས་ཀ་བྲག་དཀོན་མཆོག་འབྱུང་གནས་དང་འོག་དུ་བྱམས་ཆེན་ལྷ་ཁང་བཞེངས་པ་སོགས་གསུངས་པར་གཞིགས་ན་(གསང་སྙིང་འགྲེལ་པ་ཉི་འོད་སེང་གེས་མཛད་པ་ཁམས་ཀྱི་འོལ་དུ་བྱམས་ཆེན་བྱམས་ཆེན་གྱི་ལྷ་ཁང་དུ་བསྒྱུར་བ་)ཞེས་པའི་བྱམས་ཆེན་ལྷ་ཁང་དེ་དཀར་མཛེས་རྫོང་གི་བྱང་ངོས་སུ་སྤྱི་ལེ་བཞི་ཙམ་མཚམས་ན་ཡོད་པས་བཻ་རོ་ཕེབས་མྱོང་བ་མངོན་ཞིང་། ཀ་བྲག་ཏུ་ཀརྨ་པ་དུས་གསུམ་མཁྱེན་པ་བྱོན་ནས་དགེ་འདུན་པ་སྟོང་གཉིས་ཙམ་འདུས་མྱོང་བ་སོགས་མཛད་པ་རྒྱ་ཆེར་བསྐྱངས་ཤིང་དེང་སང་ཡང་ཀརྨ་པ་དུས་གསུམ་མཁྱེན་པ་བཞུགས་སའི་བང་ཁང་རེད་ཟེར་བ་ཞིག་མཇལ་དུ་ཡོད་ཅིང་བང་ཤིང་ངོས་སུ་ཀ་བྲག་ལྷ་ཁང་གི་བཀོད་པ་སོགས་ལྡེབས་རིས་ཧ་ཅང་ཡག་པ་མཇལ་དུ་འདུག་པས་གནས་འདིར་སླེབས་པ་རྣམས་ལྷ་ཁང་འདི་མཇལ་དུ་ཕེབས་པ་ནི་དོན་སྙིང་ལྡན་ནོ།། http://t.cn/z8A4qQ6
