碌BOOM
25-07-07 21:18

དཔལ་ལྡན་ལྷ་མོའི་བསྐང་བཤགས་བཞུགས་སོ། །

བྷྱཽཿ རབ་འབྱམས་རྒྱལ་བ་ཀུན་གྱི་འཕྲིན་ལས་ལ། །དམག་ཟོར་རྒྱལ་མོ་ཞེས་བྱར་མཚན་གསོལ་བ། །རྩེ་གཅིག་མོས་པའི་དབང་གིས་སྤྱན་འདྲེན་ན། །ཐོགས་པ་མེད་པར་མྱུར་ཏུ་གཤེགས་སུ་གསོལ། །མདུན་གྱི་ནམ་ཁར་རླུང་ནག་འཚུབ་མའི་དབུས། །བེ་ཅོན་ཐོད་ཁྲག་འཛིན་པ་སྲིན་མོའི་གཟུགས། །དྲེའུ་སྟེང་བཞུགས་གདུག་པ་ཚར་གཅོད་སྐུ། །ཇི་སྲིད་དྲན་པ་དེ་སྲིད་རྟག་ཏུ་བཞུགས། །

ཕྱི་ཡི་སྤྱན་གཟིགས་ནམ་མཁའི་ཁྱོན་གང་ཞིང༌། །ནང་གི་དམ་རྫས་ས་གཞི་མ་ལུས་ཁྱབ། །ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་ཞིང་ཁམས་ཀུན། །རྒྱས་པར་འགེངས་པ་འཁོར་དང་བཅས་ལ་འབུལ། ། ཤ་ཁྲག་ལ་སོགས་བདུད་རྩི་ལྔ་དང་བཅས། །འབྲུ་སྣ་ལྔ་དང་སྦྱར་བའི་གཏོར་མ་འདི། །དཔལ་ལྡན་དམག་ཟོར་རྒྱལ་མོ་ལ་འབུལ་གྱི། །རྒྱལ་བའི་བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །

དཔལ་ལྡན་ཐུབ་པའི་བཀའ་སྲུང་མཐུ་རྩལ་ཅན། །ཁྱོད་ཉིད་བསྟེན་ཅིང་བསྒྲུབ་ལ་རྩེ་གཅིག་ཏུ། །གསོལ་བ་འདེབས་པའི་རྣལ་འབྱོར་དཔོན་སློབ་ཀྱི། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་མ་ལུས་སྒྲུབས། །སྐུ་གསུམ་ལྷུན་གྲུབ་ཐུགས་རྗེ་མཐར་ཕྱིན་ཡང༌། །སྲིད་གསུམ་གདུག་པ་འདུལ་ཕྱིར་ཁྲོས་པའི་སྐུ། །དུས་གསུམ་རྒྱལ་བའི་བསྟན་སྲུང་ཆེན་མོ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །

བདག་སོགས་དེང་ནས་ཚེ་རབས་ཐམས་ཅད་དུ། །གསང་བའི་ལྷ་མོ་ཁྱོད་དང་མི་འབྲལ་ཞིང༌། །བར་གཅོད་བགེགས་ཀྱི་མཚན་མ་ཅི་བྱུང་ཡང༌། །དེ་ཀུན་ལྷ་མོ་ཁྱོད་ཀྱིས་བཟློག་པར་མཛོད། །དཔོན་སློབ་རྣམས་ཀྱི་ཆོས་དང་མཐུན་པའི་ཚོགས། །ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པ་དང༌། །ནད་དང་བགེགས་སོགས་བར་དུ་གཅོད་པའི་ཚོགས། །མྱུར་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །

ལྷག་བསམ་དག་པས་ཚུལ་འདིར་བརྩོན་པ་ན། །ཚངས་དང་དབང་བོ་འཇིག་རྟེན་སྐྱོང་བ་དང༌། །དམག་ཟོར་རྒྱལ་མོ་ལ་སོགས་སྲུང་མས་ཀྱང༌། །གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག །

དེ་ནས་བཤགས་པ་ནི། རྡོ་རྗེ་འཆང་སོགས་རྩ་བརྒྱུད་བླ་མ་རྣམས། །འགྱོད་པའི་གདུང་ཤུགས་དྲག་པོས་སོ་སོར་བཤགས། །དཔལ་ལྡན་ལྷ་མོ་འཁོར་དང་བཅས་ལ་ཡང་། །བསྙེན་སྒྲུབ་གཡེལ་ཞིང་མཆོད་གཏོར་ཆགས་པ་དང་། །དམ་ཉམས་གྲིབ་ཕོག་དམ་རྫས་སྦགས་པ་སོགས། །ཐུགས་དང་འགལ་བ་གང་བགྱིས་མཐོལ་ལོ་བཤགས། །མདོར་ན་བཟང་ངན་སྤྲོས་པའི་མཐའ་བྲལ་བ། །ཆོས་ཀྱི་དབྱིངས་ལ་ནོངས་པ་མ་མཆིས་ཀྱང་། །ཀུན་རྫོབ་འཁྲུལ་སྣང་སྒྱུ་མའི་རོལ་བ་ཀུན། །རྡོ་རྗེ་གསུམ་གྱི་ཐུགས་རྗེས་བྱང་གྱུར་ཅིག །

བསྐང་རྫས་བྱིན་གྱིས་བརླབས་ལ་བསྐང་བ་ནི། བྷྱོཿ རྣམ་ཀུན་མཆོག་ལྡན་ལྷ་ཡི་རྫིང་རིང་ངོས། །སྔགས་དང་ཏིང་འཛིན་འབྱུང་བཞིའི་འདུ་འབྲེལ་བ། །ལེགས་འོང་མཆོད་པའི་སྤྲིན་ཕུང་མཐའ་ཀླས་པའི། །མ་ཅིག་འཁོར་བཅས་དགྱེས་པ་བསྐྱེད་གྱུར་ཅིག །སྙིང་ཁྲག་དྲོན་མོའི་མཆོད་ཡོན་ཝུ་བ་འཁྲིགས། །དབང་བོ་ལྔ་ཡི་མེ་ཏོག་ཚར་ཏུ་དངར། །གསུར་ཆེན་དུད་པ་བཻཌཱུར་མཆོད་སྡོང་བཞིན། །འོད་གསལ་སྒྲོན་མེ་ཉི་ཟླའི་རྗེས་འགྲོ་ཞིང་། །ཞགས་དང་མཁྲིས་པའི་དྲི་ཆབ་རྒྱ་མཚོར་འཁྱིལ། །རྔམས་བརྗིད་ངར་དབྱངས་དྲག་མོའི་སྒྲ་སྒྲོག་པའི། །དཔལ་ལྡན་ལྷ་མོ་འཁོར་བཅས་ཐུགས་དམ་བསྐང་། །སྤྲིན་གྱི་ཤུགསའཆང་རྟ་མཆོག་རླུང་ལྟར་འཕྱོ། །མི་བསྲུན་གཡག་རྒོད་རྡོ་རྗེ་རྭ་རྩེ་གདེངས། །ལུག་ནག་སྤྱི་དཀར་ཤ་རྒྱས་སྤུ་སྡུག་མཛེས། །ཕྱག་གཤོགས་མཛིངས་པའི་གར་གྱིས་ལྷ་ལམ་འགེངས། །དོམ་ནག་མཆེ་གཙིགས་དགྲ་བའི་སྲོག་ལ་རྔམས། །རྡོ་རྗེ་གོ་ཁྲབ་སྣ་ཚོགས་མཚོན་ཆ་དང་། །རྨ་བྱའི་གདུགས་མཛེས་འཚུབས་མའི་གུར་ཁང་འདིས། །དཔལ་ལྡན་ལྷ་མོ་འཁོར་བཅས་ཐུགས་དམ་བསྐང་། ། དྲེའུ་རྐྱང་སེར་སྲིན་པོའི་ཐོད་སྒ་ཅན། །པགས་པའི་གདན་བྱས་སྦྲུལ་གྱི་གོང་རྨེད་བྱས། །ནད་རྐྱལ་ཤོ་རྡེའུ་མཚོན་གྲུ་བྱིང་དམར་སོགས། །དགྲ་བགེགས་འཇོམས་པའི་ཆས་ཀྱིས་མཚན་པ་འདིས། །དཔལ་ལྡན་ལྷ་མོ་འཁོར་བཅས་ཐུགས་དམ་བསྐང་། ། རྡོ་རྗེ་བེ་ཅོན་ནད་ཐོད་ཁྲམ་ཤིང་དང་། །ཐོད་སྐམ་དབུ་བརྒྱན་མི་མགོ་ལྔ་བཅུའི་འཕྲེང་། །ཟླ་ཉི་སྦྲུལ་སེང་སྙན་རྒྱན་རེ་བའི་གོས། །མི་པགས་གཡང་གཞི་སྟག་པགས་ཤམ་ཐབས་འདིས། །དཔལ་ལྡན་ལྷ་མོ་འཁོར་བཅས་ཐུགས་དམ་བསྐང་། ། དམར་ཆེན་གཏོར་མའི་རི་མོ་མཁའ་ལ་བསྙེགས། །སྲོག་སྔགས་འཁོར་ལོས་མཚན་པའི་མདའ་བོ་ཆེ། །གླིང་བཞི་རི་རབ་ཉི་ཟླ་རིན་ཆེན་བདུན། །མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་འདེབས་འདིས། །དཔལ་ལྡན ་ལྷ་མོ་འཁོར་བཅས་ཐུགས་དམ་བསྐང་། ། ཐུགས་དམ་བསྐང་ཞིང་ཉམས་ཆགས་སོས་གྱུར་ནས། །བར་ཆད་སེལ་ཞིང་དངོས་གྲུབ་སྩལ་ཏུ་གསོལ། །
བསྟོད་པ་ནི། བྷྱོཿ དུས་གསུམ་རྒྱལ་བའི་ཡུམ་གཅིག་དབྱངས་ཅན་མ། །མ་རུང་འདུལ་ཕྱིར་སྲིན་མོ་ཁྲོས་པའི་གར། །མི་བཟད་གདུག་པའི་ཆོ་འཕྲུལ་མཐའ་ཡས་པ། །དམག་དང་ཟོར་གྱི་མཛེས་པར་ཁྱོད་ལ་བསྟོད། །བདག་སོགས་དེང་ནས་ཚེ་རབས་ཐམས་ཅད་དུ། །གསང་བའི་ལྷ་མོ་ཁྱོད་དང་མི་འབྲལ་ཞིང་། །བར་ཆད་བགེགས་ཀྱི་མཚན་མ་ཅི་བྱུང་ཡང་། །དེ་ཀུན་ལྷ་མོ་ཁྱོད་ཀྱིས་ཟློག་པར་མཛོད། །ཅེས་དཔལ་ལྡན་ལྷ་མོའི་བསྐང་བཤགས་མདོར་བསྡུས་འདི་ནི་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའོ། །
🍵🍵🍵🍵🍵🍵🍵
🙏🙏🙏🙏🙏🙏🙏🙏

发布于 美国