རྒྱུན་དུ་དཔའ་བོ་གཅིག་པ་ཚོགས་འདོན་བྱེད་པའི་རྒྱུ་མཚན། དབལ་མང་པཎྚི་ཏས།
࿐རྗེ་བླ་མའི་བསྟན་པ་འཛིན་པ་ལ་འཇིགས་བྱེད་དཔའ་བོ་གཅིག་པ་ཚོགས་འདོན་མཛད་པ་ནི། སྤྱིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཚན་བརྗོད་པ་ལས། འཇལ་དཔལ་དབྱངས་ཀྱི་མཚན་ལན་གཅིག་བརྗོད་པ་ཕན་ཡོན་ཆེ་བར་གསུངས་ཤིང་། འཚང་རྒྱ་བར་འདོད་པ་ཐམས་ཅད་འཇམ་དབྱངས་ལ་བརྟེན་དགོས་ལ།ཁྱད་པར་དུ་རྡོ་རྗེ་འཇིགས་བྱེད་ལ་རྒྱུ་དུས་འབྲས་དུས་ཡེ་ཤེས་སེམས་དཔའི་དུས་གསུམ་གར་འཇམ་དབྱངས་ཀྱི་ཞལ་དངོས་སུ་ཡོད་ཀྱང་ཞི་དྲག་གཉིས་གང་གཙོ་བོར་བསྒྲུབ་ན་གཅིག་ཤོས་ཞར་ལ་འགྲུབ་པ་དང་།༼ཕ་རྒྱུད་མ་རྒྱུད་༽གཞན་ལ་མེད་པའི་ཁྱད་ཆོས་མཐའ་ཡས་པ་མངའ་སྟེ། རེད་མདའ་བའི་དྲིས་ལན་ལས་ཤེས་པར་བྱའོ། ཞེས་གསུངས་སོ།། མདོ་སྔགས་ཐམས་ཅད་གདན་ཐོག་གཅིག་ལ་གྲུ་བཞི་ལམ་གྱིས་འཁྱེར་ནུས་པ་ནི་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ཁྱད་ཆོས་བླ་ན་མེད་པ་ཡིན། ཞེས་དང་། དེས་ན་རྗེའི་ཞལ་ནས། ངེད་ཀྱི་བརྒྱུད་པ་འདི་ལ་བླ་མ་འཇམ་དབྱངས། ཡི་དམ་ཡང་འཇམ་དབྱངས། ཆོས་སྐྱོང་ཡང་འཇམ་དབྱངས་བསྟེན་པ་ཞིག་ངེས་ཅན་དུ་གལ་ཆེ་གསུངས་པ་ལྟར་འབད་པར་འཚལ་ལོ།།
མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ནི་སྐྱེས་བུ་ཆེན་པོའི་ཆོས་སྐྱོང་དང་། དམ་ཅན་ཆོས་ཀྱི་རྒྱལ་པོ་ནི་སྐྱེས་བུ་ཆུང་ངུའི་ཆོས་སྐྱོང་དགེ་སྡིག་ཤན་འབྱེད་༼ལས་འབྲས་ཀྱི་སྲུང་མ་ཁྱད་པར་ཅན་༽ཡིན་པས་ངེས་ཅན་དུ་བསྟེན་དགོས་ཞེས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེ་བླ་མར་གདམས་པ་དང་མཁས་གྲུས་རྗེ་ལ་མགོན་པོས་ཞལ་དངོས་སུ་བསྟན་ནས་ངའི་ཆོས་སྐོར་ལས་ཚར་དང་བཅས་པ་སྒྲིག་རྩོམ་དག་ཐེར་གྱིས་དང་རྗེའི་བླ་མའི་བརྒྱུད་འཛིན་ལ་འཕྲིན་ལས་གཡེལ་བ་མེད་པར་སྒྲུབ་གསུངས་པ་དང་། རི་བོ་དགེ་ལུགས་པའི་བསྟན་འཛིན་རྣམས་ལ་མགོན་ཆོས་གཉིས་ལུས་དང་གྲུབ་མ་ལྟ་བུར་འགྲོགས་པའི་རྣམ་ཐར་མཐའ་ཡས་པ་ཞིག་ཡོད་ལ། ཁྱད་པར་སྐུ་མཁྱེན་རིན་པོ་ཆེའི་སྐུ་འཕྲེང་རིམ་བྱོན་ལ་ཆོས་སྐྱོང་འདི་གཉིས་ཀྱིས་ཞི་རྒྱས་དབང་དྲག་གི་འཕྲིན་ལས་གང་བཅོལ་འབད་མེད་དུ་བསྒྲུབས་པའི་ཤིན་ཏུ་མང་ཡང་འདིར་མ་བྲིས་སོ།། སྔར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་དུས་བླ་བྲང་དགོན་པའི་གྲྭ་བའི་ནང་དུ་ནད་ཡམས་ཤིག་བྱུང་སྐབས་ཐུགས་དམ་གྱི་རྟེན་ཆོས་རྒྱལ་གྱི་ཞལ་ཐང་ལ་བཀའ་གྱོན་དང་ཕྱག་འབེབས་མཛད་པས་ནད་ཡམས་ཆད་སོང་བ་ནི་ལྷ་ལ་དྲག་ཤུལ་སྤྱོད་པར་ནུས་པའི་རིམ་གཉིས་ཀྱི་རྣལ་འབྱོར་ལ་མངའ་བརྙེས་པའི་རྟགས་སུ་གསལ།
