དེ་རིང་གི་དྲྭ་ཚོང་པ་ཚོས། སྔོན་མའི་སྲོལ་བཟང་དག་ཡ་མ་བརླ་ཞིག་ཏུ་བསྒྱུར།
༡ སྔོན་ཁ་བཏགས་འདྲེན་ས་དང་འབུལ་ས་ཡིན་ན་ལེགས་བྱས་ཅན་དང་སྐྱེས་བུ་དམ་པ་རེ་ཡིན་ངེས་པ་ལས་གང་འདོད་དུ་ཁ་བཏགས་འབུལ་བའི་སྲོལ་ཡེ་ནས་མེད་དེ། དེ་རིང་ཁ་བཏགས་འབུལ་ས་དང་འདྲེན་ས་དག་ནི་གཟའ་ཞད་སུས་ཆེ་ན། གཡོ་འཕྲུལ་སུས་རྒོད་ན་དེའི་མདུན་ན་རི་ལྟར་སྤུངས་ཤིང་། སྐེ་ན་ལབ་ཙེ་བཞིན་བརྒྱན་འདུག་པས་ད་ནི་ཁ་བཏགས་འབུལ་བའི་སྲོལ་བཟང་དེ་ཡང་ཡ་མ་བརླ་ཞིག་ཏུ་བསྒྱུར་ཚར་འདུག།
༢ སྔོན་གཏམ་བཟང་ཡོད་ཟེར་དུས་ཉན་ན་ཚང་མའི་སྣང་བ་དགའ་ཡལ་ལེ་འགྲོ་བྱེད་ཅིག་ཡིན་པ་ལས་གང་འདོད་དུ་གཏམ་བཟང་ཡོད་ཟེར་སྲོལ་ཡེ་ནས་མེད་དེ། དེ་རིང་གཏམ་བཟང་ཡོད་ཟེར་ནས་ཉན་སྐབས་བྱ་འགུལ་ཟེར་བའི་མགོ་གཡོག་མགོ་སྐོར་ཞིག་སྤེལ་རན་འདུག་པས་གཏམ་བཟང་ཟེར་བའི་མིང་བརྡ་སྙན་མོ་དེ་ཡང་ད་ནི་ཡ་མ་བརླ་ཞིག་ཏུ་བསྒྱུར་ཚར་འདུག།
༣ སྔོན་བདེ་ཐང་དང་འཕྲོད་བསྟེན་དགོས་རབས་སོགས་ལབ་དུས་མཉན་རྒྱུ་བསམ་རྒྱུ་གཉིས་ཀ་ཡོད་པ་ལས་གང་འདོད་དུ་དེ་འདྲ་ལབ་སྲོལ་ལར་ནས་མེད་དེ། དེ་རིང་བདེ་ཐང་དང་འཕྲོད་བསྟེན་གལ་ཆེ་རབས་ལབ་ལབ་མཐར་དེ་འདྲའི་བདེ་ཐང་ལ་སྨན་པའི་དངོས་རྫས་ལེགས་པོ་དེ་ཁོ་རང་གི་ལག་ན་ཡོད་པ་ལ་ཐུག་པས་བདེ་ཐང་དང་འཕྲོད་བསྟེན་གྱི་ལམ་སྟོན་དེ་ཡང་ད་ནི་ཡ་མ་བརླ་ཞིག་ཏུ་བསྒྱུར་ཚར་འདུག།
དེ་རིང་མཚམས་འདི་ནས་བཞག་མ་གཏོགས་ཡང་འགའ་རེས་སྤྲོ་ལངས་ནས་འཛིང་ཡོང་ཤས་ཆེ། [嘻嘻][嘻嘻][嘻嘻]
