⭕ དཀྱིལ་ཤར།
•. བདུན་ཕྲག་སྔོན་མར་ཨ་རིའི་དམག་དཔུང་གིས། ཨེ་རན་གྱི་ཉིང་རྡུལ་བསྟི་གནས་ 3 ལ་གཏོར་རྒོལ་རྗེས། སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་ཉིང་རྡུལ་བསྟི་གནས་དག་ཡོངས་སུ་གཏོར་ཟིན་ཞེས་བཤད་པ་དང་ལྷན། ཨ་རིའི་དམག་དོན་གསང་གནས་ཤིག་ཕྱིར་ཤོར་བའི་ནང་། ཐེངས་འདིར་ཉིང་རྡུལ་བསྟི་གནས་དག་ལ་གཏོར་སྐྱོན་བཟོས་པ་ལས། ཡོངས་སུ་གཏོར་མ་ཐུབ་པ་བཀོད། སྒྲོ་ནལ་ཁྲི་རམ་ཕུས་གནས་ཚུལ་འདི་སྤེལ་མཁན་དག་ལ་སྐྱོན་བརྗོད་དང་། འདི་ནི་ཨ་རིའི་མཁའ་དམག་གི་ཁ་ལོ་བ་ཚོའི་ཆེས་མཐོང་ལ་མཐོང་ཆུང་བྱས་པ་ཞིག་ཡིན་པ་དང་། ཁོ་ཚོའི་ཆེས་མཐོང་སྲུང་སྐྱོབ་ཕྱིར། བདེ་སྲུང་དྲུང་ཆེ་ཡིས་གསལ་བསྒྲགས་ཤིག་སྤེལ་རྒྱུ་ཡིན་པ་བསྒྲགས།
•. ཁ་སང་བདེ་སྲུང་དྲུང་ཆེ་ཕི་ཀྲི་ཧག་སེ་ཐི་ཡིས། ཨ་རིའི་གསར་ཁང་ཆེན་པོ་འགའ་ལ་སྐྱོན་བརྗོད་དྲག་པོ་དང་ལྷན། ཨ་རིའི་དམག་དཔུང་གིས་ཐེངས་འདིར་ཉིང་རྡུལ་བསྟི་གནས་དག་གཏོར་ཐུབ་ཡོད་པ་བཤད།
ཡིན་ན་ཡང་། ཨ་རིས་གཏོར་རྒོལ་མ་བྱས་སྔོན་ཏག་ཏག་ལ་ཨེ་རན་གྱིས།
ཧྥོར་རྡོ་ཉིང་རྡུལ་བསྟི་གནས་(Fordow)ནས། ཉིང་རྡུལ་རྫས་དག་ས་ཆ་གཞན་ཞིག་ལ་སྤོར་ཡོད་སྲིད་པ། འཁོར་སྐར་བརྒྱུད་ནས་བླངས་པའི་པར་ཞིག་ལ་གཞི་བཞག་ནས། ཝ་ཤིན་ཀྲོན་གསར་ཤོག་གིས་གནས་ཚུལ་བཀོད། ཐེངས་འདིར་བདེ་སྲུང་དྲུང་ཆེ་ཡིས། ཉིང་རྡུལ་རྫས་དེ་དག་སྤོར་ཟིན་པའི་གསང་བའི་གནས་ཚུལ་ཞིག་ཡོད་པ་ངས་མ་ཤེས་ཞེས་བཤད།
•. ཝ་ཤིན་ཀྲོན་གསར་ཤོག་ལྟར་ན། གཏོར་རྒོལ་མ་བྱས་པའི་ཉིན་ 2 ཀྱི་གོང་དུ། ཧྥོར་རྡོ་ཉིང་རྡུལ་བསྟི་གནས་སུ་དོས་སྐྱེལ་རླངས་འཁོར་མང་པོ་ཞིག་སླེབས་ཡོད་པ་འཁོར་སྐར་ནས་མཐོང་ཞིང་། དེ་ནི་རྒྱུན་ལྡན་མ་ཡིན་པའི་འགུལ་བསྐྱོད་ཅིག་ཡིན་པ་བཤད། དེ་ལ་ཁ་སང་སྒྲོ་ནལ་ཁྲི་རམ་ཕུས། རླངས་འཁོར་ཆུང་ཆུང་དེ་ཚོ་ནི། འཛུགས་སྐྲུན་ལས་ཀ་བྱེད་མཁན་ཚོའི་རླངས་འཁོར་ཡིན་པ་དང་། ཁོ་ཚོས་ཉིང་རྡུལ་བསྟི་གནས་སྲུང་སྐྱོབ་ཕྱིར་འཛུགས་སྐྲུན་གྱི་ལས་ཀ་བྱེད་བཞིན་པ་ལས། ཉིང་རྡུལ་བསྟི་གནས་ནས་གང་ཡང་ཕྱིར་འཁྱེར་མེད་ཅེས་བྲིས།
•. གཟའ་ཉི་མའི་ཉིན། ཨེ་རན་གྱི་ཆེས་མཐོའི་ལས་བྱེད་ཅིག་གིས་རོའུ་ཀྲར་གསར་ཤོག་ལ། ཨ་རིས་གཏོར་རྒོལ་མ་བྱས་སྔོན་ཉིང་རྡུལ་རྫས་བརྒྱ་ཆ་ 60% ས་ཆ་གཞན་ཞིག་ལ་སྤོར་ཟིན་ཟེར། ཡུ་རོབ་ཀྱི་ལས་བྱེད་ཅིག་གི་སྐད་ཆ་ལུང་འདྲེན་གྱིས། དབྱིན་ཇིའི་ནོར་སྲིད་དུས་བབ་སྟེང་གནས་ཚུལ་བཀོད་པ་ལྟར་ན། ཨེ་རན་གྱི་ཉིང་རྡུལ་རྫས་ཚང་མ་ཧྥོར་རྡོ་རུ་སྤུངས་མེད་པས། ཉིང་རྡུལ་རྫས་ཕལ་ཆེ་བར་སྔར་བཞིན་ཤུགས་རྐྱེན་མ་ཐེབས་པར་ལྷག་ཡོད་པ་བཤད།
•. སི་ཨན་ཨན་གསར་ཤོག་གིས་འབྲེལ་ཡོད་ལས་བྱེད་ 4 ཡི་སྐད་ཆ་ལུང་འདྲེན་གྱིས་གནས་ཚུལ་བཀོད་པ་ལྟར་ན། ཨ་རིས་ཨེ་རན་ཕྱིར་གྲོས་མོལ་གྱི་ཅོག་ཙེའི་སྟེང་འཁྲིད་ཡོང་ཐུབ་ཆེད། སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། ཨེ་རན་ལ་རྡུལ་མཚོན་མ་ཡིན་པ། ཉིང་རྡུལ་གློག་ཁང་སོགས་རྒྱག་ཆེད། ཨ་སྒོར་ཐེར་འབུམ་ $30 ཡས་མས་གཏོང་སྲིད་པ་དང་། དེ་བཞིན་ཨེ་རན་གྱི་སྟེང་དུ་བཀལ་བའི་དཔལ་འབྱོར་ཉེས་ཆད་མང་པོ་ཕྱིར་འཐེན། ད་དུང་ནུབ་ཕྱོགས་ཀྱི་དངུལ་ཁང་དག་ཏུ་བཀག་ཟིན་པའི་ཨེ་རན་གྱི་དངུལ་སྒོར། ཨ་སྒོར་ཐེར་འབུམ་ $6 ཨེ་རན་ལ་ཕྱིར་ལེན་ཆོག་པ་བཟོ་རྒྱུའི་སྐོར་ནང་ཁུལ་གྲོས་མོལ་ཞིག་འགྲོ་བཞིན་པ་བཤད།
•. ད་དུང་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཞིག་གིས། དངུལ་སྒོར་དེ་ཐད་ཀར་ཨ་རི་ནས་ཡོང་རྒྱུ་མིན་པར། དཀྱིལ་ཤར་གྱི་རྒྱལ་ཁབ་དག་གིས་ཨེ་རན་གྱི་རྒྱལ་ནང་ལ་མ་རྐང་བཞག་པ་ལས་ཡོང་རྒྱུ་ཡིན་པ་བཤད། ད་དུང་བསམ་ཚུལ་གཞན་པ་ཞིག་ལ། དཀྱིལ་ཤར་གྱི་ཨ་རིའི་མཐུན་གྲོགས་ཚོས། ཉེ་དུས་ཨ་རིའི་མཁའ་དམག་གིས་གཏོར་རྒོལ་བྱས་ཟིན་པ། ཨེ་རན་གྱི་ཉིང་རྡུལ་བསྟི་གནས་ཧྥོར་རྡོ་བསྐྱར་གསོའི་ཕྱིར་འགྲོ་གྲོན་གཏོང་རྒྱུ་དེ་ཡིན་པ་བཤད། སི་ཨན་ཨན་གསར་ཁང་ལྟར་ན་གོང་གི་སྐད་ཆ་འདི་དག་ནི་ད་དུང་བསམ་འཆར་གྱི་ངོ་བོར་ཡོད་པ་བཤད། ཇི་ལྟར་ཡང་འགའ་ཤས་ཀྱིས། སྒྲོ་ནལ་ཁྲི་རམ་ཕུས་སྔར་ཨོ་བྷ་མར་སྐྱོན་བརྗོད་ཀྱིས། ཨ་རི་དང་ཨེ་རན་བར་གྱི་ཉིང་རྡུལ་གྲོས་མཐུན་གཏོར་ཟིན་པ་ལ། ད་ལྟ་ཁོས་ཀྱང་ཨོ་བྷ་མ་ལྟར་བྱེད་བཞིན་འདུག་ཅེས་བཤད།
•. ཕྱི་ལོ་ 2015 ལོར་སྲིད་འཛིན་ཨོ་བྷ་མས་ཨེ་རན་དང་ལྷན། ཉིང་རྡུལ་རྫས་སྦྱོར་བཟོ་སྐྲུན་ཚོད་འཛིན་དང་འབྲེལ་ཆིངས་ཡིག་(JCPOA)ཅིག་བཞག ཕྱི་ལོ་ 2016 ལོར་སྒྲོ་ནལ་ཁྲི་རམ་ཕུ་སྲིད་འཛིན་འོས་མིར་ལངས་སྐབས། ཁོས་ཨོ་བྷ་མའི་ཐག་གཅོད་འདི་ནི་ནུས་མེད་ཅིག་དང་། འདིས་དོན་ལ་ཨེ་རན་ལ་ཉིང་རྡུལ་རྫས་སྦྱོར་བཟོ་སྐྲུན་བཀག་མེད་པའི་སྟེང་། ཨེ་རན་གྱིས་མུ་མཐུད་དུ་དཀྱིལ་ཤར་གྱི་ཁ་ཆེ་དྲག་དཔུང་དག་ལ་རྒྱབ་སྐྱོར་བྱ་རྒྱུའང་བཀག་མེད་པ། ཨེ་རན་ལ་དངུལ་སྒོར་མང་པོ་དོན་མེད་དུ་སྤྲས་ཟིན་པ་སོགས་ཀྱི་སྐྱོན་བརྗོད་དང་། ཨེ་རན་གྱིས་ཉིང་རྡུལ་ལས་གཞི་ཡོངས་སུ་མཚམས་འཇོག་ཆེད། ཨ་རི་གྲོས་མཐུན་འདི་ནས་ཕྱིར་འཐེན་དང་། གྲོས་མཐུན་གསར་བ་བཟོ་རྒྱུ་ཡིན་ཞེས་བཤད་པ་ལྟར། ཕྱི་ལོ་ 2018 ཁོས་ཨ་རི་གྲོས་མཐུན་ནས་ཕྱིར་འཐེན། ཡིན་ན་ཡང་། ད་ལྟ་བར་གྲོས་མཐུན་གསར་བ་ཞིག་བཟོ་མ་ཐུབ།
•. གཟའ་ལྷག་པའི་ཉིན་སྒྲོ་ནལ་ཁྲི་རམ་ཕུས། བདུན་ཕྲག་རྗེས་མར་ཨེ་རན་དང་ཨ་རིའི་སྐུ་ཚབ་བསྐྱར་དུ་འཛོམས་འཆར་ཡོད་པ་བཤད། དེའི་རྗེས་ཨེ་རན་གྱི་ཕྱི་སྲིད་བློན་ཆེན་གྱིས། ཨེ་རན་དང་ཨ་རི་བར་ཉིང་རྡུལ་ཐད་གྲོས་མོལ་བསྐྱར་གསོ་བྱ་མིན་ཐད་ལ་ང་ཚོར་ཐག་གཅོད་གང་ཡང་མེད། ཨེ་རན་གྱིས་ཐག་གཅོད་ཅི་ཞིག་བྱས་ཀྱང་། རང་གི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པ་ཞིག་བྱ་རྒྱུ་ཡིན་ཞེས་བཤད། ད་དུང་ཁོས། ཐེངས་འདིར་ཨེ་རན་གྱི་ཉིང་རྡུལ་བསྟི་གནས་དག་ལ་གཏོར་རྒོལ་ཐེབས་པའི་ཚད་དེ་ཚབས་ཆེན་རེད། ཡིན་ན་ཡང་། རྒྱལ་སྤྱིའི་རྡུལ་ཕྲན་ཚོགས་པའི་མི་སྣ་དག་ཨེ་རན་དུ་བརྟག་ཞིབ་ཆེད་ཡོང་དུ་འཇུག་རྒྱུ་ཨེ་རན་ལ་འཆར་གཞི་མེད་ཅེས་བཤད།
•. ཨ་རིས་ཨེ་རན་གྱི་ཉིང་རྡུལ་བསྟི་གནས་དག་ལ་གཏོར་རྒོལ་རྗེས། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ད་ལྟ་གྷ་ཛ་ས་ཁུལ་དུ་འབྱུང་བཞིན་པའི་ཨེ་ཛི་རལ་དང་། པཱ་ལི་སི་ཐན་གྱི་ཧཱ་མ་སི་དྲག་དཔུང་བར་གྱི་དམག་འཁྲུག་འདི་མཇུག་བསྡུ་དགོས་ཞེས། ཨེ་ཛི་རལ་གྱི་སྲིད་བློན་ནེ་ཏན་ཧ་ཡུ་ལ་སྐུལ་མ་གཏོང་བཞིན་པ་དང་། ནེ་ཏན་ཡ་ཧུ་ཡིས་དེ་ཁས་བླངས་ཚེ་ཁོའི་སྟེང་ལྐོག་ཟ་སོགས་དང་འབྲེལ། ཨེ་ཛི་རལ་གྱི་རྒྱལ་ནང་དུ་ནག་ཉེས་ཆེན་པོ་ 3 བཀལ་ཡོད་པ་དེར་རྗེས་འདེད་གཏོང་རྒྱུ་མེད་པ་བཟོ་རྒྱུ་དེ། སྒྲོ་ནལ་ཁྲི་རམ་ཕུའི་འཆར་གཞི་ཡིན་པ་བཤད།
