འུ་ཚོའི་དཔེ་ཀློག་ནི་ཅི་ཞིག་གི་ཆེད་ཡིན་ནམ།
འོ་སྐོལ་གྱི་ཁོར་ཡུག་ཏུ་ཧོབ་ཀྱིས་བལྟས་ན་དཔེ་ཀློག་པ་ཡིན་མདོག་མདོག་སྟོན་མཁན་མང་པོ་མཐོང་རྒྱུ་འདུག དེའི་ཐོག་ནས་གཞིགས་ན་འོ་ཅག་གི་སློབ་སྦྱོང་བའི་སྤུས་ཚད་ཇེ་མཐོ་ལོས་ཡིན་འདོད་སྤྱད་ཅིག་རེད། རེད་དེ། དེ་ལས་ལྡོག་སྟེ་འུ་ཚང་གི་སློབ་སྦྱོང་བའི་སྤུས་ཚད་ཇེ་ཞན་མ་གཏོགས་ཇེ་བཟང་འགྲོ་བཞིན་མེད་པ་འདྲ། དཔེ་ཀློག་པ་ཡིན་སྐད་པ་ཚོའི་མི་གཞི་དང་ཤེས་རབ་སོགས་གང་ནས་བལྟས་ན་རྒྱལ་སྤྱིས་ཁས་ལེན་ཐོབ་པའི་མཁས་པ་ཞིག་བྱུང་བ་ཕར་ཟད། ཐ་ན་རང་སྒེར་གྱི་མི་གཞི་དང་ཤེས་རབ་ཐོག་ནས་ཀྱང་ཧ་ཅང་ཞན་པོ་རེད། དཔེ་ཀློག་ལ་ཅི་ཙམ་བཅར་ཡང་། ཅི་ཙམ་འཇུག་ཀྱང་། མགོ་བདེ་དང་གཡོ་རྫུ་ཆེ་བ། གུ་དོག་ལ་མཁྲེགས་འཛིན་བཙན་པ། སྤྲེལ་ལད་ཆེ་ལ་ཚུལ་འཆོས་རྒོད་པ། ཕྱོགས་ཞེན་ལས་གནས་ལུགས་མི་བརྩི་བ། རྨོངས་ཞེན་ལས་ཤེས་རབ་ཀྱི་བླང་དོར་མི་གསལ་བའི་གནས་སུ་ལྷུང་འདུག དེའི་གནད་དོན་ཅི་ཞིག་ཡིན་ནམ། རྫ་དཔལ་སྤྲུལ་གྱིས། “ཀྱི་ཧུད་ཐོས་པ་བདུད་དུ་ལྡང་ད་རེ།།”ཞེས་གསུངས་པ་ལྟར་དཔེ་ཀློག་ལ་འང་བདུད་ལྡང་སོང་བ་ཨེ་ཡིན་ནམ། ཡང་ན། ཨོ་རྒྱན་ཆེན་པོས། “ཐོས་བསམ་ཕྱོགས་མེད་དུ་བྱས་ན་ཆོས་ལ་ཕྱོགས་རིས་ཆུང་བ་ཆོས་ཉིད་ཡིན”གསུངས་མོད། དཔེ་ཀློག་ཕྱོགས་མེད་དུ་བྱེད་མ་ཐུབ་པས་ཡིན་ནམ། ཡང་ན། འུ་ཚོས་དཔེ་ཆ་ཉོས་ཏེ་གསོག་པ་ལས་དཔེ་ཆ་ཡག་པོ་ལྟ་ཀློག་མ་ཐུབ་པས་ཡིན། ཡང་ན། འུ་ཚོས་དཔེ་ཆ་བམ་མཐུག་དང་འབེལ་པོ་དག་གྲོགས་ཚོམས་སོགས་སུ་ངོམ་སོ་བྱེད་པ་ཙམ་ལས་དོན་དམ་དུ་ཀློག་གིན་མེད་པས་ཡིན། གང་ཡིན་ཆ་མ་འཚལ་མོད། རང་གཞན་གང་ལ་བསམས་ཀྱང་སྐྱོ་ཆད་དེ་བ་ཞིག་ལས་ཅི་ཡང་མཐོང་རྒྱུ་མི་འདུག། རང་ལ་འཁོར་ཏེ་བལྟས་ན་འདི་འདྲའི་དྲི་བ་ཚ་བེར་བེར་མང་ཞིག་གིས་གཙེས་ཡོང་ལ། གཞན་ལ་འཁོར་ཏེ་བལྟས་ནའང་འདི་འདྲའི་དྲི་བ་ཚ་བེར་བེར་མང་པོ་ཞིག་ཐོན་ཡོང་ངོ་།། ཞེས་འཕྲལ་དུ་འཛི་གུར་ཀུམ་གྱིས།
