藏红花藏文微博
24-06-12 15:32

མི་རེ་རེའི་སེམས་སུ་བོར་མི་ཐུབ་ཅིང་ཞེན་ཆགས་ཟབ་པའི་གནས་མལ་ཞིག་ཡོད། དེ་ནི་ཕ་ཡུལ་ཡིན། དེ་ཡང་ལོས་ཡིན་ཏེ། ཕ་མ་ཟུང་གི་བྱམས་རྩེའི་དྲོད་མོ་དང་མཉམ་དུ་ནར་སོན་ས་ཡང་འདི་ཡིན་ལ། སེམས་ཁྲལ་དང་འདོད་ཧམ་གང་ཡང་མེད་པར་བྱིས་དུས་ཀྱི་རང་དབང་གི་རྩེད་ར་གོར་གོར་དེ་ཡང་འདི་ཡིན། ལུས་པོ་ཕྱི་ལ་གནས་ཀྱང་སེམས་པ་ནང་ལ་འཁོར་ས་ཡང་འདི་ཡིན་ལ། དེ་རིང་བྱ་རྒོད་བཞིན་ཕྱོགས་སུ་ཕུར་སོང་ཡང་སང་ཉིན་བྲག་ཐེམ་བཞིན་ཕྱིར་ལོག་ས་ཡང་འདི་ཡིན། དེས་ན། ཕ་ཡུལ་ལ་ས་རྒྱ་ཆེ་ཆུང་དང་འབྱོར་ཕྱུག་ཡིན་མིན་སོགས་གཏན་ཚིགས་ཀྱི་དཔྱད་ར་བྱེེད་ཐབས་མེད། ཕ་ཡུལ་ནི་ཚང་མའི་སེམས་སུ་ཡིད་འོང་གི་དག་ཞིང་རེ་རེ་ཡིན། གནའ་མའི་གཏམ་དཔེ་ལ། “ཕ་ཡུལ་གད་པ་ཡིན་རུང་སྐྱིད”ཟེར་དོན་ཡང་དེ་འདྲའི་ལོས་ཡིན་ཨང་། ང་ཡང་དེ་བཞིན་ཏེ། ང་རང་བྱིས་དུས་ནར་སོན་པའི་རི་ལུང་འདི་དག་ལ་དངོས་སུ་འབྱོར་ཞིང་མིག་ལམ་དུ་བརྒྱུད་ཡོང་དུས་དགའ་སྐྱོའི་གཏམ་རྒྱུད་མང་པོ་ཞིག་ཡིད་ལ་ཝ་ལེ་ཝ་ལེ་ཤར་བྱུང་། སྔོན་མ་རི་ལུང་འདིར་རྩེ་རོགས་དགོད་རོགས་བྱེད་མཁན་དག་ད་ནི་བྱ་ཕྲུག་ལ་གཤོག་པ་ཐོགས་པ་བཞིན་སོ་སོར་ཕུར་ཚར་བའི་ཤུལ་དུ་མི་ལོ་ཉི་ཤུ་ཙམ་འདས་པའི་དེ་རིང་ང་རི་སྒང་འདིར་འགྲེངས་ནས་སླར་ཡང་བྱིས་དུས་ཀྱི་འཚོ་བ་ལ་རོ་མྱོང་ཐེངས་གཅིག་བྱ་དགོས་ཐུག་སོང་།

发布于 四川