མཁའ་དབང་དགེ་ཆོས་ཀྱིས།
མཐོ་རིས་ཐར་བའི་དངོས་རྒྱུ་མི་བྱེད་ཅིང་།།
གསེར་དང་དངུལ་གྱི་འདུ་སྒོ་མི་ཡོང་བའི།།
བར་མ་དོ་རུ་གནས་པའི་གནད་འདི་དག།
ཀུན་གྱིས་བོར་ཀྱང་ཁོ་བོས་ཞིབ་ཏུ་དཔྱད།།ཅེས་གསུངས་པ་ལྟར་བཙན་པོའི་སྐབས་ཀྱི་རྡོ་རིང་འདི་དག་མཇལ་སྐོར་བ་མང་པོས་སྣང་མེད་དུ་དོར་ཀྱང་ངས་ཆེད་དུ་འདི་དག་ལ་དོ་སྣང་བྱས་པ་ཡིན། བདག་སྲུང་ལེགས་པ་དང་བསྐྱར་གསོ་བྱས་པ་རེ་གཉིས་ལས་མང་པོ་ཞིག་རྙིང་ནས་ཡིག་འབྲུ་མི་མངོན་ཡང་ད་དུང་བོད་བཙན་པོའི་སྐབས་ཀྱི་དཔའ་མཛངས་དང་སྙན་པ་ཁུར་ནས་ཀྲོང་ངེར་འགྱིངས་འདུག།
ང་ནི་རྡོ་རིང་རེ་རེའི་གམ་དུ་སླེབས་དུས་རྒྱལ་བློན་བཀའ་དྲིན་ཅན་དག་གི་མཛད་པར་དྲན་གསོ་ཐེབས་ནས་ཡུན་རིང་ཧད་དེ་ལུས་འགྲོ། ཞྭ་ལྷ་ཁང་གི་རྡོ་རིང་གཉིས་ལས་གཅིག་ཆག་དུམ་ཤོར་ཡང་འདྲ་བཟོ་ཞིག་བསླངས་འདུག། འུ་ཤང་རྡོ་ཡི་ལྷ་ཁང་གི་རྡོ་རིང་ཆག་དུམ་རེ་ལས་མི་འདུག། སྐར་ཆུང་རྡོ་རྗེ་དབྱངས་ཀྱི་ལྷ་ཁང་གི་མདུན་གྱི་རྡོ་རིང་ཡང་ཆག་དུམ་ཞིག་དེའི་གའི་ཁང་པ་ཞིག་གི་ནང་དུ་ཡོད་རབས་བཤད་ཀྱང་སྒོ་གཏན་འདུག་པས་མཇལ་ས་མ་ལོན། འདི་ལྟར་རྡོ་རིང་ལ་ལ་ནི་འཐོར་ཞིག་སོང་བ་དང་། ལ་ལའི་ངོས་ཡི་གེ་དག་ནས་ད་ནི་རྡོ་རིང་རེ་གཉིས་མ་གཏོགས་ཡི་གེ་ཀློག་ཐབས་མེད་ཀྱང་སྟག་ཚང་དཔལ་འབྱོར་བཟང་པོ་དང་དཔའ་བོ་གཙུག་ལག་འཕྲེང་བ་སོགས་སྔོན་གྱི་ལོ་རྒྱུས་སྨྲ་བ་སྐུ་དྲིན་ཅན་སྐོར་རེས་རྡོ་རིང་གི་ཡི་གེ་ངོ་བཤུས་བརྒྱབ་ཡོད་པས་ཁོང་ཅག་བཀའ་དྲིན་ཆེན་པོ་རེད་བསམས་ནས་ཆིག་ལབ་རེའང་མཇལ་ཞོར་དུ་ཤོར་སོང་།
