藏红花藏文微博
24-03-24 13:57

ངས་དཔེ་ཆ་ཅི་ཞིག་ཉོས་ན་ཤོག་ལྡེབ་གཅིག་ཀྱང་མ་དོར་བར་རང་གི་ཁྱིམ་གཞིས་སུ་ཐོན་ཐབས་བྱེད་བཞིན་ཡོད། དེ་ལྟར་ལ་ལུང་ཀུན་ནས་བསྡུས་ཏེ་ཁྱིམ་གཞིས་སུ་ཁྱེར་ཡོང་བ་ལ་དམིགས་ཡུལ་མེད་པའང་མིན། ལེགས་ཕྱོགས་ནས་བཤད་ན། སྐྱེས་ཆེན་དག་གི་གསུང་བྱིན་རླབས་ཅན་མང་པོ་ཁྱིམ་དུ་བཞུགས་ན་དེའི་བསོད་ནམས་ཀྱི་ཚད་ཀྱང་གཟུང་ཐབས་ག་ལ་ཡོད། ཁྱིམ་རྟེན་དང་ཁྱིམ་ནོར་ཡང་འདི་ལས་ཅི་ཞིག་དགོས། དེར་མ་ཟད་ཁྱིམ་ཚང་ཞིག་ལ་དཔེ་མཛོད་ཁང་འཚམ་པོ་ཞིག་ཡོད་ན། ཁྱིམ་ཚང་སློབ་གསོ་དང་འབྲེལ་བ་ངེས་ཅན་ཡོད་པར་འདོད། དཔེ་ཆ་འདི་དག་གིས་ཁྱིམ་ཚང་ལ་མི་རབས་ནས་མི་རབས་བར་དུ་ཤེས་རབ་ཀྱི་འོད་སྣང་འགྱེད་ངེས་ལ། ཁྱིམ་རྒྱུད་དུ་དཔེ་ཆ་ལ་དགའ་མཁན་དང་ཤེས་རབ་འཚོལ་མཁན་གྱི་སློབ་སྦྱོང་བ་རེ་རྒྱུན་མི་ཆད་པར་འབྱུང་རྒྱུར་ཕན་ཐོགས་ཡོད་པ་གདོན་མི་ཟའོ། ། ཆུང་ས་ནས་ཁྱིམ་ཚང་འདི་ནས་དཔེ་ཆ་བ་རེ་འཁྲུངས་མྱོང་བའི་དན་དཔང་དུའང་བཟུང་ཆོག། གང་ལྟར་དཔེ་ཆས་སྟོངས་པའི་ཁྱིམ་ཚང་ནི་བླུན་རྨོངས་ཅན་གྱི་ཁྱིམ་ཚང་ཞིག་དང་། དཔེ་ཆས་གཏམས་པའི་ཁྱིམ་ཚང་ནི་དཔལ་ཡོན་ལྡན་པའི་ཁྱིམ་ཚང་ཞིག་ཏུ་ངོས་བཟུང་ན་མི་འགྲིག་པ་མེད། དེས་ན། ངེད་ཀྱི་ཁྱིམ་རྒྱུད་དུ་དཔེ་ཆ་འདི་དག་ལ་བདག་སྲུང་བྱས་ཤིང་ཀློག་མཁན་འགའ་རེ་བྱུང་ན་དེ་ལས་སེམས་བདེ་བ་ཅི་ཞིག་ཡོད་ཨང་། ངས་དཔེ་ཆ་གསོག་ཉར་བྱེད་པའི་རེ་བའང་དེས་འགྲུབ་པ་ཡིན། ཡང་། ཉེས་ཕྱོགས་ནས་བཤད་ན། ད་ལྟའི་ཡུལ་དུས་ཀྱི་གནས་བབ་ལ་བལྟས་ན། མ་འོངས་པར་དཔེ་ཆར་དགའ་མཁན་དང་ཀློག་མཁན་ནི་ཅི་བས་དཀོན་པར་འགྱུར་བ་འདྲ་བས། ཉིན་ཞིག་དཔེ་སྒྲོམ་ནང་གི་དཔེ་ཆ་འདི་དག་ཁྱིམ་རྫོད་བྱེད་ཀྱི་ཤོག་ཉོབ་ཏག་ཏག་རེད། ཅི་ལས་མི་འདུག་ཟེར་ནས་ཞུགས་ལ་འབུལ་བཞིན་ཡོད་ན་ཐང་། དེ་ལས་ཡིད་ཕངས་པ་དང་སེམས་ཁྲལ་ཅི་ཞིག་ཡོད། རྒྱུའི་རིན་ཐང་ལ་ཕངས་པ་མིན་ཏེ། དེ་དུས་ཁྱིམ་རྒྱུད་ཀྱི་མ་འོངས་པ་བླུན་རྨོངས་དང་དམུ་རྒོད་དུ་ཁ་ཕྱོགས་ཚར་བས་ཡིན་ནོ།། ཞེས་རང་ཁྱིམ་གྱི་དཔེ་སྒྲོམ་ལ་ལྟ་ཞོར་དུ་ཉོག་གཏམ་ཐུང་ངུ་ཞིག་གང་དྲན་དུ་ཤོར་སོང་།

发布于 四川