ཡང་མིག་རྡེབ་གཅིག་གི་ཡུན་ཙམ་ལ་སྤྱི་རྩིས་ཀྱི་དབང་དུ་བྱས་ན་ལོ་གཅིག་རྫོགས་སོང་། ཡང་རྨི་ལམ་ཐུན་གཅིག་གི་འཁྲུལ་སྣང་ཙམ་གྱི་ཡུན་ལ་འབབ་ཚུགས་གསར་བ་ཞིག་ཏུ་སླེབས་བྱུང་། ལོ་རེ་རེ་རྫོགས་མཚམས་ནི་མི་ཚེའི་འགྲུལ་བཞུད་རེ་རེ་འཆི་བའི་གྲོང་སྒོར་བགྲོད་པའི་འབབ་ཚུགས་རེ་རེར་སླེབས་པ་ཡིན། དེ་ལྟར་བསམས་ན་མདུན་ཕྱོགས་འཇིགས་ཡེར་པོ་ཞིག་དང་། ཕྱིར་བལྟས་རེ་བྱས་ན། ཅི་ཞིག་བསྒྲུབས་ནས་ཤུལ་དུ་བཞག་ཡོད་དང་། གང་ལྟར་བགྲོད་ནས་འདིར་ཐོབ་པ་ཡིན་ཆ་མ་འཚལ་ལ། ཇི་ལྟར་ཞིབ་ལྟ་བྱས་ཀྱང་། རབ་རིབ་ཅིག་ལས་ཅི་ཡང་གསལ་བོ་མ་མཐོང་། ད་དུང་མདུན་གྱི་ལམ་ཕྲན་ལྷག་མ་དེ་ཡང་འདི་ལྟར་འཛད་དགོས་པ་ཡིན་ནམ་སྙམ་ན། ལུས་སེམས་ཀྱི་གཏིང་ནས་ཁོང་འདར་ཡང་ཡང་རྒྱག་ཡོང་ལ། སྐྱོ་སྣང་བན་བུན་ཞིག་ཀྱང་འགོག་མེད་དུ་འཕྱུར་ཡོང་། གང་ལྟར་ད་ནི་ལེ་བདའ་དང་འཁང་ར་འདོན་པས་ཅི་བྱར་ཡོད། ནད་མུག་དང་འཁྲུག་རྩོད་རྡོལ་བའི་དུས་སྐབས་ཤིག་ལ། འདི་ལྟར་ལོ་རེ་བདེ་འཇགས་ཀྱིས་སྐྱེལ་ཐུབ་པ་འདི་ཡང་བསོད་ནམས་ཤིག་ཏུ་འཁུམས། ཉིས་སྟོང་ཉེར་གསུམ་རང་གིས་འདོད་མོས་ལྟར་བགྲོད་ཐུབ་སོང་། ཉིས་སྟོང་ཉེར་བཞི་ཡང་དེ་ལྟར་བགྲོད་ཐུབ་ན་དེས་ཆོག་གོ། ལོ་རེ་རྫོགས་མཚམས་ནི་བདག་ལ་དྲན་ཚུལ་མོད་པའི་དུས་སྐབས་ཤིག་ཡིན་ཀྱང་བོད་ལོ་གསར་ཚེས་ཉིན་བཤད་ཡོང་། རེ་ཞིག་དེ་ཙམ་མོ།།
