ཡོངས་སུ་གྲངས་པའི་སྡེ་དགེ་ཆོས་མཛོད་ཆེན་མོའི་པར་ཁངའདི་ནི། རབ་བྱུང་བཅུ་གཉིས་ཏེ་ཕྱི་ལོ་༡༧༢༩ལོར་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་གསར་དུ་བཞེངས་ཤིང་། དེ་ནས་ཁོང་དང་ཁོང་གི་རིགས་སྲས་དག་གིས་བརྒྱུད་མར་འཕེལ་རྒྱས་སུ་བཏང་ཡོང་བ་ཞིག་རེད། ད་ནི་འཛམ་གླིང་ན་སྐད་གྲགས་ཡོད་པའི་བོད་ཀྱི་ཆོས་རིག་གི་གན་མཛོད་ཆེན་མོ་ཞིག་ཡིན། འདི་ནི་བོད་ཙམ་དུ་མ་ཟད་འཛམ་གླིང་ལ་ངོམ་ཆོག་ལ་ངོམ་འོས་པའི་རིག་དངོས་རྩ་ཆེན་གྱི་མཛོད་ཅིག་ཀྱང་ཡིན། པར་ཁང་འདིའི་ནང་བཀའ་བསྟན་གཙོ་བོར་གྱུར་བའི་གསུང་རབ་མི་འདྲ་བ་༨༣༠ལྷག་གི་པར་ཤིང་ཁྲི་སུམ་ཅུ་ལྷག་བཞུགས་པར་བཤད། འདི་དུས་ནམ་གྱིས་བསྡོམས་རྩིས་མི་ཤེས། ད་དུང་རྙིང་མའི་རྒྱུད་འབུམ་སོགས་པར་ཤིང་གསར་བ་མང་པོ་བཞེངས་འདུག་པས་དེ་ལས་གྲངས་མང་དུ་ཕྱིན་ཡོད་ངེས་རེད། པར་ཁང་འདིས་བོད་ཀྱི་ཆོས་རིག་རྒྱུད་འཛིན་དང་དར་སྤེལ་ཕྱོགས་ལ་ནུས་པ་བླ་ལྷག་གིས་བཏོན་དང་འདོན་བཞིན་ཡོད་པའི་བཀའ་དྲིན་དེ། བཤད་པ་བརྒྱ་ལས་བལྟས་པ་གཅིག་གིས་གསལ་བས། སུ་ཞིག་ལ་འགྲེལ་བཤད་རྒྱག་དགོས་ཨང་། དཔར་སྐྲུན་འགྲེམ་སྤེལ་གྱི་རྐྱང་བའི་ཆ་ནས་ཀྱང་མངག་ཉོ་གཏོང་མཁན་ལ། བོད་ཡུལ་ཙམ་དུ་མ་ཟད་འབྲུག་ཡུལ། བལ་ཡུལ། རྒྱ་གར། འཇར་པན་སོགས་རྒྱལ་ཁབ་དང་མི་རིགས་མང་པོ་ཡོད་འདུག། ལྷག་ཏུ་འཕྲུལ་པར་འདི་དར་ཁྱབ་ལ་མ་སོང་གོང་དུ་བོད་ཀྱི་ཆོས་རིག་སློབ་གཉེར་བ་སྤྱི་པར་ཁང་འདིའི་བཀའ་དྲིན་གྱིས་སྐྱོང་ཡོང་བ་ཡིན་ཟེར་ན་ཐལ་སྐྱོན་མེད་སྙམ། བདག་ལའང་སྔ་མོ་ཞིག་ནས་པར་ཁང་འདི་མཇལ་འདོད་ཆེ་མོད། དེ་རིང་མ་གཏོགས་མཇལ་ཐུབ་མ་སོང་། དེ་རིང་པར་མཛོད་ཁང་འདིའི་བརྩེགས་རིམ་བརྒྱུད་དེ་པར་ཤིང་བྲག་རི་བཞིན་བརྩེགས་ཡོད་པ་རྣམས་མཇལ་ཡོང་དུས། མེས་པོ་གོང་མ་དག་གི་བློ་གྲོས་དང་ལྷག་བསམ། སྙིང་སྟོབས་དང་། གཟིགས་རྒྱ་སོགས་རྡོ་ལ་རི་མོ་བརྐོས་ལྟར་བཀྲ་ལམ་ལམ་མཐོང་སྟེ། དམ་པ་གོང་མ་དག་གི་མཛད་རྗེས་ལ་ངོ་མཚར་ཞིང་ཡི་རངས་ཡང་ཡང་ཤོར་སོང་། འདི་ཙམ་གྱིས་པར་ཁང་འདིའི་ལོ་རྒྱུས་བརྗོད་ཐུབ་པ་ག་ལ་ཡིན་ཏེ། འགྲོ་ཞོར་དུ་སྐད་ཆ་ཁ་ཤས་ཤོར་སོང་བ་ཙམ་ཡིན།
